
གླེང་གཞི།
༢༠༢༦་ལོའི་ཟླ་དང་པོའི་ཚེས་དང་པོ་ནས་བཟུང་སྟེ་རྒྱལ་ཁབ་སྤྱི་གླིང་ཁྲིམས་ལག་བསྟར་བྱས་པ་དང་། གཤམ་ནས་བཅའ་ཁྲིམས་དེ་དང་འབྲེལ་བའི་སྐོར་ལ་དཔྱད་བརྗོད་ཅིག་སྤེལ།
རྒྱལ་ཁབ་སྤྱི་གླིང་ཞེས་པ་ནི་ཁྲིམས་དེའི་དོན་ཚན་གཉིས་པའི་གཏན་འཁེལ་གྱི་མཚན་ཉིད་ལ་གཞིར་བཞག་སྟེ་བཤད་ན། དེ་ནི་རྒྱལ་སྲིད་སྤྱིད་ཁྱབ་ཁང་གིས་ཆོག་མཆན་སྤྲད་ནས་བཙུགས་ཤིང། རྒྱལ་ཁབ་ཀྱི་ངོ་བོ་ཚབ་མཚོན་ནུས་པའི་རང་བྱུང་སྐྱེ་ཁམས་མ་ལག་བསྲུང་སྐྱོབ་བྱེད་པ་དམིགས་ཡུལ་གཙོ་བོར་བཟུང་སྟེ། རང་བྱུང་ཐོན་ཁུངས་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་ཆོག་པའི་དམིགས་བསལ་གྱི་སྐམ་སའི་ཁྱབ་ཁོངས་དང་རྒྱ་མཚོའི་ཁྱབ་ཁོངས་དེ་ཡིན། དེས་ན་ས་ཆ་གང་ཞིག་རྒྱལ་ཁབ་སྤྱི་གླིང་ཡིན་མིན་དེ་ཐག་གཅོད་མཁན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིན་པ་དང་། ཀུན་སློང་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་གཉུག་མའི་རང་བཞིན་དང་འཐུས་ཚང་རང་བཞིན་བསྲུང་སྐྱོབ་བརྒྱུད་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་མཉམ་གནས་ཀྱི་རྣམ་པ་མངོན་གྱུར་བྱ་ཆེད་ཡིན། རྒྱལ་ཁབ་སྤྱི་གླིང་གནས་དེར་གཏན་འཁེལ་བྱེད་དགོས་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ངོ་བོ་ཚབ་མཚོན་ནུས་པའི་རང་བྱུང་སྐྱེ་ཁམས་མ་ལག་བསྲུང་སྐྱོབ་བྱེད་པ་དང་། གནས་ནི་ས་དང་ཆུ་ཡི་གནས་གང་རུང་ཡིན་དགོས།
རང་བྱུང་སྲུང་སྐྱོབ་ས་ཁུལ་དང་རྒྱལ་ཁབ་སྤྱི་གླིང་ཞེས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་སྙན་པོ་བཟུང་སྟེ་བོད་ཀྱི་ས་ཁུལ་ཀྱི་དཔལ་འབྱོར་གོང་འཕེལ་ལ་ཁྲིམས་དང་མི་མཐུན་པའི་ཚོད་འཛིན་དང་། རོང་འབྲོག་མི་དམངས་ཀྱི་ས་ཞིང་གི་བདག་དབང་བཙན་ལེན་དང་བཀོལ་སྤྱོད་ལ་བཀག་སྡོམ་སོགས་ཀྱི་སྲིད་ཇུས་སྤེལ་ཏེ་རོང་འབྲོག་པའི་འཚོ་བའི་ཆུ་ཚད་ཇེ་ཞན་དང་། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་བར་ཆད་ཚབས་ཆེན་བཟོས་དང་བཟོ་བཞིན་པའི་དངོས་ཡོད་གནས་ཚུལ་དེ་མི་མང་གིས་ཤེས་རྟོགས་བྱེད་དགོས་པ་གལ་ཆེ། ད་ཆ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་ཞེས་པའི་ཉན་ན་སྙན་པའི་ཁྲིམས་འདི་ཐོས་འཕྲལ་ང་ཚོས་དེའི་རྒྱབ་ལོགས་ཀྱི་ཉེན་ཁ་ལ་རྟོག་དཔྱོད་གཏོང་དགོས་པ་ལས། ཁྲིམས་སྙན་པོ་ཞིག་ཡིན་ན་དེ་ནི་མི་མང་ལ་ཕན་ཤག་ཤག་ཡིན་སྙམ་པའི་འདུ་ཤེས་བཟུང་སྟེ་འདུག་མི་རུང་། གཤམ་དུ་ང་ཚོས་ཁྲིམས་གསར་བ་འདིའི་བརྗོད་བྱའི་སྐོར་ལ་མཚམས་སྦྱོར་རོབ་ཙམ་བཤད།
རྒྱལ་ཁབ་སྤྱི་གླིང་ལ་ང་ཚོས་དོ་སྣང་བྱེད་དགོས་པའི་རྒྱུ་མཚན།
རྒྱལ་ཁབ་ཀྱི་ཁོར་ཡུག་སྲིད་ཇུས་ལྟར་ན། ༢༠༢༣་ལོའི་ཚུན་ལ་རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་༥༠་འཛུགས་པའི་འཆར་གཞི་བཏིང་སྟེ་འཛམ་གླིང་གི་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་གི་མ་ལག་འཛུགས་བསྐྲུན་བྱེད་རྒྱུ་ཡིན་པ་དང་། མིག་སྔར་རྒྱལ་ཁབ་སྤྱི་གླིང་༥་བཙུགས་ཡོད་པ་ནང་གི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱིས་མདོ་སྟོད་སྨད་ས་ཁུལ་གྱི་བོད་མི་འདུས་སྡོད་ཀྱི་ས་ཁུལ་བཟུང་ཡོད་པ་དང་། དེའི་གྲས་ནས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གཅིག་པུས་ས་ཆ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་དགུ་ཁྲི་ལྷག་ཟིན་ཡོད་པ་དེའི་རྒྱ་ཁྱོན་ནི་ཧོའི་པེ་ཞིང་ཆེན་(河北省)ཡོངས་ཀྱི་རྒྱ་ཁྱོན་ལས་ཀྱང་ཅུང་ཟད་ཆེ། མ་ཟད་རྒྱལ་ཁབ་སྤྱི་གླིང་དེའི་ནང་དུ་བོད་རིགས་གཙོས་པའི་མི་དམངས་ཁྲི་དྲུག་ལྷག་འཚོ་ཞིང་གཞེས། ཀྲུང་དབྱང་གིས་བཏིང་ཞིང་ལག་བསྟར་བྱེད་པའི་འབྱུང་འགྱུར་གྱི་འཆར་འགོད་ལྟར་སོང་ན། བོད་ཀྱི་ས་ཁུལ་དང་ལྷག་པར་དུ་འབྲོག་པའི་ས་ཁུལ་ནས་རྒྱལ་ཁབ་སྤྱི་གླིང་ཉུང་མཐར་༢༠་ལྷག་བཙུགས་ཏེ་ས་ཞིང་ཕོན་ཆེན་པོ་ཞིག་གི་ངོ་བོ་སྡེ་བ་དང་སྒེར་ལ་དབང་བ་ནས་རྒྱལ་ཁབ་སྤྱི་གླིང་ལ་དབང་བར་བྱེད་ངེས་པས། དེས་ང་ཚོའི་སྲོལ་རྒྱུན་གྱི་འཚོ་གནས་བྱེད་ཐབས་དང་། དེ་དང་འབྲེལ་བའི་་རིག་གནས་དང་དཔལ་འབྱོར་སོགས་ལ་མི་ལེགས་པའི་ཤན་ཤུགས་དང་འགོག་རྐྱེན་གང་མང་ཞིག་ཐེབས་ངེས་པ་ང་ཚོས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་རྐྱེན་གྱིས་ཡུལ་ཤུལ་ལ་སོགས་པའི་འབྲོག་པ་མང་ཚོགས་རྣམས་ལ་འཕྲད་པའི་དཀའ་ངལ་ལས་མཐོང་ཐོས་མྱོང་རེག་བྱེད་ཐུབ། དེའི་ཕྱིར་ཆུ་མ་ཡོང་གི་རགས་ཞེས་པའི་དཔེ་ལྟར་ང་ཚོས་རྒྱལ་ཁབ་སྤྱི་གླིང་ཞེས་པའི་མིང་སྙན་མོ་ཡི་སྒྲིབ་ཡོལ་གྱིས་གཡོགས་པའི་བཤུ་གཞོག་དང་ས་ཞིང་བཙན་འཕྲོག ཡུལ་མི་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་བཞིན་པ་ལ་སོགས་པའི་དོན་དངོས་རྒྱུས་ལོན་གྱིས། གྲ་སྒྲིག་དང་གདོང་ལེན་བྱེད་སྟངས་བཅས་ལ་བརྩོན་ལེན་བྱེད་དགོས།
ཁྲིམས་ལུགས་འདིའི་ནང་དུ་གདོད་མ་ནས་གནས་པའི་མི་མང་ཞེས་དམིགས་སུ་བཀར་ནས་བརྗོད་དེ། མི་མང་དེ་དག་རྒྱལ་ཁབ་སྤྱི་གླིང་གི་ཚོང་དོན་ནང་མཉམ་ཞུགས་བྱེད་པར་སྐུལ་སློང་གི་དོན་ཚན་ཞིག་བཞག་ཡོད་ཀྱང་། མི་མང་དེ་དག་ནི་ཁྲིམས་ལུགས་ཀྱི་སྟེང་ནས་ས་ཡི་བདག་དབང་འཛིན་མཁན་ཡིན་པ་ངོས་ལེན་བྱས་མེད་ལ། རྒྱལ་ཁབ་སྤྱི་གླིང་གི་དོ་དམ་གྱི་ནང་དུ་ནུས་པ་ལྡན་པའི་སྒོ་ནས་མཉམ་ཞུགས་བྱེད་ཆོག་པའི་གཏན་འཁེལ་གསལ་པོ་ཡང་བྱས་མེད། རྒྱལ་ཁབ་སྤྱི་གླིང་དུ་ཚུད་ཟིན་པའི་ཞིང་ས་དང་ནགས་ས། རྩྭ་ས་བཅས་ཀྱི་བདག་དབང་གི་སྐོར་ལ་ཁྲིམས་ལུགས་དེའི་དོན་ཚན་༢༣་པའི་ནང་དུ་རྒྱལ་ཁབ་སྤྱི་གླིང་ས་ཁུལ་ནང་གི་རང་བྱུང་ཐོན་ཁུངས་ལ་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འབེབས་ཀྱི་གཏན་འཁེལ་ལྟར་གཅིག་གྱུར་གྱི་བདག་དབང་གཏན་འབེབས་བྱས་ཏེ། བདག་དབང་ངོས་འཛིན་གྱི་སྐབས་སུ་རྒྱལ་ཁབ་སྤྱི་གླིང་དེ་རང་རྐྱ་ཐུབ་པའི་ཐོ་འགོད་ཀྱི་གཞིར་ངོས་བཟུང་བྱེད་དགོས་ཞེས་གཏན་འབེབས་བྱས། གཏན་འཁེལ་འདིའི་བསྟན་དོན་ནི་གལ་ཏེ་རྒྱལ་ཁབ་སྤྱི་གླིང་གི་ནང་དུ་སྡེ་བ་ཁ་ཤས་ཀྱི་རྩྭ་ས་དང་ཞིང་ས་ཚུད་ཡོད་ན། ཕྱིས་སུ་ས་དེ་དག་གི་བདག་དབང་གཏན་འཁེལ་བྱེད་པའི་སྐབས་སུ། ས་ཡི་ཐོབ་ཐང་དེ་དག་སྡེ་བ་ནས་ཐད་ཀར་རྒྱལ་ཁབ་སྤྱི་གླིང་ལ་སྤོས་ཟིན་པའི་གནད་འགག་དེ་ཡིན། དེ་ནས་སྡེ་བ་དེ་དག་དང་དེ་དག་གི་འབྲོག་པ་དང་རོང་བ་རྣམས་ལ་བདོག་པའི་ས་ཞིང་བདག་དབང་གི་ཐོབ་ཐང་དང་། འགན་གཙང་ལེན་ལས་བྱུང་བའི་བདག་དབང་ཡོད་ཚད་རྒྱལ་ཁབ་སྤྱི་གླིང་ལ་སྤོས་ཟིན་པས། དེས་ན་ཕྱིས་སུ་རྒྱལ་ཁབ་ཀྱིས་ས་དེའི་སྟེང་ནས་འཛུགས་བསྐྲུན་ལ་སོགས་པ་སྤེལ་ན་འབྲོག་པ་དང་ཞིང་བ་རྣམས་ལ་གུན་ཚབ་ཀྱང་འཐོབ་མི་ཐུབ་ཅིང་། དམངས་དོན་ཁྲིམས་གཞུང་དང་། ས་ཞིང་འགན་གཙང་ལེན་གྱི་ཁྲིམས་སོགས་ཀྱིས་གཏན་འབེབས་བྱས་པའི་ཐོབ་ཐང་མང་པོ་ལའང་ལོངས་སུ་སྤྱོད་མི་ཐུབ་པར་གྱུར།
རྒྱལ་ཁབ་སྤྱི་གླིངགི་ཁྲིམས་ཀྱི་དོན་ཚན་༢༧་དང་༢༩་ཡི་གཏན་འཁེལ་ལྟར་ན། རྒྱལ་ཁབ་སྤྱི་གླིང་བཙུགས་ཟིན་པའི་རྗེས་སུ་ས་ཁུལ་དེ་ན་གནའ་ནས་འཚོ་ཞིང་གཞེས་པའི་མི་རྣམས་ཀྱིས་གཤམ་གསལ་གྱི་བྱ་འགུལ་སོགས་མ་གཏོགས་སྤེལ་མི་ཆོག
- རྒྱལ་ཁབ་སྤྱི་གླིང་ནས་རང་བྱུང་ཁམས་ཚོད་དཔག་དང་ཞིག་གསོ། དོ་དམ་པས་སོ་ཉུལ་བྱེད་པ་ལ་སོགས་པའི་བྱ་འགུལ། ས་ཁྲ་ལ་སོགས་པའི་རི་མོ་འབྲི་བ། རིག་དངོས་བསྲུང་སྐྱོབ། མེ་སྐྱོན་ལ་སོགས་པ་སྔོན་འགོག་གི་ལས། སྲིད་གཞུང་གིས་ཁྲིམས་ལྟར་གཞུང་དོན་བསྒྲུབ་པའི་བྱ་འགུལ།
- གནའ་ནས་འཚོ་ཞིང་གཞེས་པའི་མི་རྣམས་ཀྱིས་དགོས་ངེས་ཀྱི་ཐོན་བསྐྱེད་དང་འཚོ་བའི་རིགས་ལ་འབྲེལ་བ་ཡོད་པའི་བྱ་འགུལ། དེ་ནས་ངེས་པར་དུ་གསོག་གཉར་བྱེད་དགོས་ཤིང་གཡོལ་དུ་མི་རུང་བའི་རྨང་གཞིའི་མཁོ་ཆས་གལ་ཆེན་གྱི་རིགས་ཀྱི་འཁོར་བསྐྱོད་དང་དེ་དག་སླར་གསོའི་ལས་རིགས།
- རྒྱལ་ཁབ་བདེ་འཇགས་དང་གལ་ཆེ་བའི་རྨང་གཞི་མཁོ་ཆས་འཛུགས་བསྐྲུན་གྱི་ལས་རིགས།
གོང་གི་ལས་རིགས་དེ་དག་ནི་ཉིང་ཐིག་སྲུང་སྐྱོབ་ས་ཁུལ་ནས་སྤེལ་ཆོག་པའི་ལས་རིགས་ཡིན་ཞིང་། གཤམ་གྱི་ལས་རིགས་འདི་དག་སྤྱིར་བཏང་གི་ཚོད་འཛིན་ས་ཁུལ་ནས་སྤེལ་ཆོག་པའི་ལས་རིགས་ཁག་ཡིན།
- ཉིང་ཐིག་སྲུང་སྐྱོབ་ས་ཁུལ་ནས་སྤེལ་ཆོག་པའི་ལས་རིགས།
- རྒྱལ་ཁབ་ཀྱི་ས་ཡི་བཀོད་འདོམས་དང་མཐུན་ཞིང་གཡོལ་ཐབས་མེད་པའི་གལ་ཆེ་བའི་རྨང་གཞིའི་མཁོ་ཆས་ཀྱི་འཛུགས་བསྐྲུན་དང་འཁོར་བསྐྱོད། མཁོ་ཆས་དེ་དག་ཉམས་གསོ་བྱེད་པ།
- གནའ་རབས་འགྱུར་རྡོ་བསྔོག་པ་དང་། རྨང་གཞིའི་ས་རྒྱུས་བརྟག་དཔྱད། ཁེ་ཉེན་རང་བཞིན་ཅན་གྱི་གཏེར་ཁ་ཡོད་མེད་བརྟག་དཔྱད།
- ཚན་རིག་ཁྱབ་བསྒྲགས་དང་། སྐྱེས་ཁམས་ཡུལ་སྐོར། རིག་གནས་དང་སློབ་གསོ། ལུས་རྩལ་སོགས་ལ་འབྲེལ་བ་ཡོད་པའི་སྤྱི་བའི་ལས་རིགས།
- ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་ལས་གཞན་དག
བོད་ཀྱི་ས་ཁུལ་དུ་རྒྱལ་ཁབ་སྤྱི་གླིང་མང་ཆེ་བ་འབྲོག་པའི་ས་ཁུལ་ན་བཙུགས་དང་གཟུག་རྒྱུ་ཡིན་པས། འབྲོག་པ་རྣམས་ཀྱི་ཐོན་བསྐྱེད་དང་དཔལ་འབྱོར་འདུ་འགོད། འཚོ་བ་ཡར་རྒྱས་སོགས་ཀྱི་ཐད་ལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་ཀྱིས་ཚད་བཀག་འདྲ་མིན་སྣ་ཚོགས་བྱས་ཡོད་ཅིང་། རྩྭ་སའི་བདག་དབང་དང་བཀོལ་སྤྱོད་ཀྱི་ཐོབ་ཐང་དེ་ཡང་རིམ་གྱིས་མེད་པར་ཆགས་ངེས་པའི་རྒྱུ་མཚན་གྱིས་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲོག་པའི་འཚོ་བའི་ཆུ་ཚད་ཡར་རྒྱས་སུ་འགྲོ་བ་ལ་བར་ཆད་བྱེད་ངེས་པ་ང་ཚོས་གཤམ་གསལ་གྱི་དཔེ་མཚོན་ལས་ཤེས་ཐུབ།
དཔེ་མཚོན།
གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ཁྲོད་དུ་གནས་བསྡོད་འབྲོག་མི་རྣམས་ལ་འཕྲད་པའི་དཀའ་ངལ།
དཀའ་ངལ་འདི་དག་རང་དང་མི་གཞན་གྱིས་རྟོག་བཏགས་དང་སྒྲོ་བཏགས་ཀྱིས་བརྗོད་པ་ཞིག་མིན་པར། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་རྐྱེན་གྱིས་གནས་དེར་འཚོ་གཞེས་ཀྱི་འབྲོག་མི་རྣམས་ཀྱི་འབྲོག་པའི་འཚོ་བ་དང་འཚོ་ཚིས་བསྒྲུབ་ཐབས་ཏེ་སྲོལ་རྒྱུན་འབྲོག་ལས་གནོད་པ་དང་བཀག་རྒྱ་ཐེབས་ཏེ་འབྲོག་པའི་འཚོ་བ་ཡར་རྒྱས་སུ་འགྲོ་བར་བར་ཆད་ཆེན་པོ་བཟོས་པའི་དངོས་ཡུལ་གནས་ཚུལ་གྱི་ར་སྤྲོད་བྱེད་ཐུབ། གཤམ་གསལ་གྱི་གནད་དོན་ཁག་ནི་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་འབྲོག་པ་དག་གི་དབར་གྱི་འགལ་ཟླ་གཙོ་བོ་ཡིན།
- གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ཡང་སྙིང་ས་ཁུལ་གྱི་རྩྭ་སའི་སྟེང་ཕྱུགས་ཟོག་འཚོ་བ་དང་བཀོལ་སྤྱོད་ལ་བཀག་སྡོམ་གྱི་རྐྱེན་གྱིས་འབྲོག་པའི་དཔལའབྱོར་དང་འཚོ་བར་གནོད་པ་ཐེབས་སྟེ་སྲོལ་རྒྱུན་གྱི་དཔལ་འབྱོར་ཡོངས་ཁུངས་མེད་པར་བཏང་རྐྱེན་སླར་ཡང་དབུལ་ཕོངས་སུ་ལྷུང་བ།
- གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྐྱེན་གྱིས་གནས་དེར་བསྡད་མ་ཆོག་པར་གཞན་ཡུལ་ཏེ་གཅིག་ཏུ་གནས་དགོས་པའི་སར་དུ་སྤོ་དགོས་ཤིང་། དེའི་རྐྱེན་གྱིས་འཕྲད་པའི་འཚོ་བའི་གོམས་གཤིས་དང་། ཁང་ཤག་གི་སྤུས་ཚད། མཐུན་རྐྱེན་བཅས་ཀྱི་གནས་སྟངས་ཞན་པའི་དཀའ་ངལ།
- གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གིས་བོད་ཀྱི་འཚོ་ཐབས་ལ་ཐེ་གཏོགས་དང་བར་ཆད་ཚབས་ཆེན་བྱས་ཤིང་། གནས་ཡུལ་དེ་ནས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་དང་བྱ་འགུལ་སོགས་སྤེལ་མི་ཆོག་པས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྡབ་གསིག་ཆེན་་པོ་བཏང་།
- རྒྱལ་ཁབ་སྤྱི་གླིང་མ་བཙུགས་པའི་སྔོན་ལ་གནས་ཡུལ་གྱི་འབྲོག་མི་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་དང་དོ་དམ་གྱི་དབང་ཐང་ཕུན་ཚོགས་ཡོད་པར་བརྗོད་ཅིང་། བཙུགས་ཚར་བའི་རྗེས་སུ་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་དང་སྤྱིི་གླིང་དོ་དམ་དང་དེ་འབྲེལ་གྱི་གྲོས་ཆོད་ཐད་ལ་འབྲོག་མི་རྣམས་ལ་མཉམ་ཞུགས་ཀྱི་ཐག་གཅོད་པའི་ཐོབ་ཐང་ཡེ་ནས་མི་སྟེར་ཞིང་།་སྤྱི་གླིང་གི་ལག་གཡོག་ཙམ་མ་གཏོགས་གོ་གནས་དང་དབང་ཐང་ཅི་ཡང་མེད་པ།
དེ་མིན་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་བཙུགས་ཏེ་ཁྱི་ཚང་རེ་ལ་སྲུང་སྐྱོབ་པ་རེ་(一户一岗)ཞེས་པའི་སྐྱེས་ཁམས་གུན་གསབ་ཡོང་འབབ་ཀྱིས་འབྲོག་པའི་འཚོ་བ་ཁག་ཐེག་བྱེད་མི་ཐུབ་ཅིང་། འབྲོག་པ་དག་གི་ས་ཤོར་བའི་རྐྱེན་གྱིས་དཔལ་འབྱོར་ལ་གྱོང་གུན་ཐེབས་པའི་དཀའ་ངལ་དེ་སེལ་ཐུབ་གིན་མེད།
མཇུག་གི་གཏམ།
བོད་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་དར་སྤེལ་དང་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དབར་གྱི་འགལ་ཟླ་ཚབས་ཆེན་ཡིན་པ་༢༠༡༥་ལོའི་ཟླ་༡༢་པའི་ཚེས་༢༢་ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་ཟུར་བྱམས་པ་ཕུན་ཚོགས་ཀྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བཅོ་བརྒྱད་པའི་ཚོགས་འདུའི་སྟེང་དུ་ཕུལ་བའི་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལག་བསྟར་གནས་སྟངས་ལ་བརྟག་དཔྱད་བཏང་བའི་སྙན་ཞུའི་ནང་དུ། རྒྱལ་ཡོངས་ན་རྒྱལ་ཁབ་གལ་ཆེན་རང་བཞིན་ཅན་གྱི་སྐྱེས་ཁམས་ནུས་འདོན་ས་ཚིགས་༢༥་ཡོད་པ་དང་། དེའི་ནང་གི་ས་ཚིགས་༢༣་གྲངས་ཉུང་མི་རིགས་ས་ཁུལ་ན་ཡོད་པས་ས་ཁུལ་དེ་དག་གི་དཔལ་འབྱོར་འཚོལ་བསྒྲུབ་གྱི་ལམ་ཀ་གདམ་གསེས་ལ་བཀག་སྡོམ་དང་། དཔལ་འབྱོར་རྣམ་གྲངས་ནང་འདྲེན་བཅས་ལ་ཚད་བཀག་ཚབས་ཆེན་བཟོས་ཤིང་། མཚོ་སྔོན་ཞིང་ཆེན་ལྟ་བུར་མཚོན་ཏེ་བཤད་ན་ཞིང་ཆེན་ཡོངས་ཀྱི་ས་ཆའི་བརྒྱ་ཆ་དགུ་བཅུ་ནི་དར་སྤེལ་གཏོང་བར་བཀག་སྡོམ་དང་ཚོད་འཛིན་ཐེབས་པའི་ས་ཆ་རུ་བསྒྱུར་བས། དེས་ས་ཁུལ་དེ་ཡི་དཔལ་འབྱོར་དར་སྤེལ་ལ་བར་ཆད་ཆེན་པོ་བཟོས་ཤིང་། དེ་མིན་སྐྱེས་ཁམས་ཁོར་ཡུག་གི་ཆེད་དུ་ས་ཞིང་སྟེང་འཚོ་ཚིས་བསྒྲུབ་ཐབས་བློས་བཏང་བའི་རོང་འབྲོག་མི་དམངས་ལ་དམིགས་ཏེ་སྤྲད་པའི་གུན་ཚབས་ཀྱང་དུས་ལྟར་མ་འབྱོར་བའམ་ཉུང་དྲགས་པའི་རྐྱེན་གྱིས་མང་ཚོགས་ལ་དཔལ་འབྱོར་ཐད་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༦༦་ནང་མི་རིགས་རང་སྐྱོང་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེས་ཁམས་དོ་སྙོམས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་རྗེས་བཞག་པ་ཡིན་ན། རྒྱལ་ཁབ་ཀྱིས་དེ་དག་ལ་ངེས་ཅན་གྱི་ཁེ་ཕན་ལྡན་པའི་གུན་ཚབ་སྤྲོད་དགོས་ཞེས་གཏན་འཁེལ་བྱས་ཡོད་པ་དེ་དང་མི་མཐུན་པའི་གནད་དོན་ལྡན་ཞེས་བརྗོད་ཡོད། རྒྱལ་ཁབ་ཀྱི་སྐྱེས་ཁམས་ཁོར་ཡུག་གི་ཆེད་དུ་མི་རིགས་གྲངས་ཉུང་གིས་དཔལ་འབྱོར་ཁེ་ཕན་ངེས་ཅན་བློས་གཏོང་བྱས་ན་ལེགས་མོད་ཀྱང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་ས་ཆ་དང་དཔལ་འབྱོར་ཡོང་སྒོ་མང་ཆེ་བ་བློས་བཏང་བྱས་ན་མི་རིགས་གྲངས་ཉུང་གི་འཚོ་བ་ཡར་རྒྱས་སུ་འགྲོ་བ་ལ་གནོད་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་རྩ་བ་ལའང་གནོད་སྐྱོན་ཐེབས་ངེས་། དེ་མིན་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་ཁོར་ཡུག་ས་ཚིགས་བཙུགས་ན་སྐྱེས་ཁམས་ལ་ཕན་ངེས་པ་དང་། འབྲོག་པའི་ནོར་ལུག་འཚོ་སྟངས་ཀྱིས་ཁོར་ཡུག་ལ་གནོད་ངེས་པའི་ཐ་ཚིག་དེ་ལ་ཚན་རིག་གི་སྒྲུབ་བྱེད་ཡང་དག་མེད་པས། རྒྱལ་ཁབ་སྤྱི་གླིང་གིས་སྐབས་འགར་སྐྱེས་ཁམས་ཁོར་ཡུག་ལ་དེ་བས་ཀྱང་གནོད་སྲིད་པ་ཞིག་ཡིན། ལྷག་པར་ཏུ་ཀྲུང་གོ་རྒྱལ་ཁབ་ལྟ་བུར་མཚོན་ནས་བཤད་ན་མི་འབོར་ཤིན་ཏུ་མང་ཞིང་། གལ་ཏེ་བོད་ཀྱི་ས་ཁུལ་དེ་དག་སྤྲོ་གསེང་གཏོང་བའི་སྤྱི་གླིང་ཞིག་ཏུ་བཏང་ན་མི་འགྱངས་བར་འབྲོག་ལས་ཉམས་ཤིང་། ཡུལ་སྐོར་ལས་རིགས་དར་བའི་རྐྱེན་གྱིས་ས་ཁུལ་དེའི་སྐྱེས་ཁམས་ཁོར་ཡུག་ལ་སླར་གསོ་བྱ་དཀའ་བའི་གནོད་པ་མང་པོ་བཟོ་སྲིད་པ་ཞིག་ཡིན་པས་ན། ང་ཚོས་རང་རང་གི་ས་ཁུལ་ན་རྒྱལ་ཁབ་སྤྱི་གླིང་འཛུགས་འཆར་གྱི་ལས་གཞི་ཡོད་པ་གོ་ན་དེ་ལ་བསམ་བློ་ཟབ་མོ་བཏང་སྟེ་གདོང་ལེན་བྱེད་ཐབས་འཚོལ་དགོས།
ཀྲུང་གོ་རྒྱལ་ཁབ་ནི་རེའོ་ཁོར་ཡུག་དང་དར་སྤེལ་སྐོར་གྱི་བསྒྲགས་གཏམ་(Rio Declaration on Environment and Development)ལ་མཉམ་ཞུགས་བྱས་ཤིང་དེའི་དོན་ཚན་མཐའ་དག་ཁས་བླངས་པའི་རྒྱལ་ཁབ་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། བསྒྲགས་གཏམ་དེའི་རྩ་དོན་༢༢་ནང་དུ་གདོད་གནས་མི་མང་གི་དང་དེའི་ཚོགས་སྡེ་ཁག་གི་ཤེས་བྱ་དང་སྲོལ་རྒྱུན་གྱི་ཡུལ་སྲོལ་ནི་ཁོར་ཡུག་དོ་དམ་དང་དར་སྤེལ་ཐད་ལ་ནུས་ཤུགས་གལ་ཆེན་ཡོད་ཅིང་། རྒྱལ་ཁབ་ཐམས་ཅད་ཀྱིས་མི་དེ་དག་གི་ཁྱད་ཆོས་དང་རིག་གནས། ཁེ་ཕན་བཅས་ལ་ངོས་ལེན་དང་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། མི་དེ་དག་ནུས་པ་ལྡན་པའི་སྒོ་ནས་མཉམ་ཞུགས་བྱེད་དུ་བཅུག་སྟེ་རྒྱུན་མཐུད་རང་བཞིན་ཅན་གྱི་དར་སྤེལ་མངོན་གྱུར་བྱ་དགོས་ཞེས་གཏན་འཁེལ་བ་དེས་འབྲོག་པའི་འཚོ་བ་རོལ་སྟངས་ཀྱི་དགེ་མཚན་ལ་ཆེ་བསྟོད་དང་བསྲུང་སྐྱོབ་བྱེད་དགོས་ཚུལ་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ངོས་ལེན་གྱི་རྩ་དོན་ཞིག་ཡིན་པ་མཚོན་ཐུབ། འབྲོག་པ་དང་འབྲོག་ལས་ཀྱིས་སྐྱེས་ཁམས་ཁོར་ཡུག་ལ་གནོད་པ་ལྡན་ཞེས་མཐའ་གཅིག་ཏུ་སྨྲས་ནས་དེ་མཐུན་གྱི་ལས་དོན་་སྤེལ་ན་ནོར་འཁྲུལ་ཡིན་པ་མ་ཟད་སྐྱེས་ཁམས་ཁོར་ཡུག་ལའང་གནོད་སྲིད་པའི་གནད་དེ་ང་ཚོས་སྲིད་གཞུང་ལ་མུ་མཐུད་ནས་ར་སྤྲོད་བྱེད་དགོས།
མཆན། རྩྭ་ས་དང་ཞིང་ས་རྒྱལ་ཁབ་སྤྱི་གླིང་དུ་ཚུད་ཟིན་པའི་རོང་འབྲོག་མི་མང་གིས་ཁྲིམས་འདི་ལ་བརྟེན་ནས་སོ་སོའི་དཔལ་འབྱོར་བརྩོན་ལེན་བྱེད་ཐབས་གཙོ་བོ་དཔེར་ན་གཞུང་གི་ཆོག་མཆན་ཐོབ་སྟེ་ཆེད་དུ་ཚོང་གཉེར་གྱི་ཐོབ་ཐང་(特许经营权)ཅི་ལྟར་ལེན་དགོས་པ་གཙོས་པའི་བརྗོད་བྱ་ཁག་ལ་ང་ཚོས་རྒྱལ་ཁབ་སྤྱི་གླིང་ཁྲིམས་ཀྱི་དཔྱད་བརྗོད་ཀྱི་ལེ་ཚན་རྗེས་མའི་ནང་དུ་བགྲོ་གླེང་བྱ་འཆར་ཡིན།
